mercredi 30 juin 2010

ཧྥ་རིན་སིའི་བོད་རྒྱ་མཛའ་འབྲེལ་ཚོགས་པ་ལོ་གཅིག་འཁོར་བའི་མཛད་སྒོ་ཐོག་
བོད་སྐད་ཀྱི་གཏམ་བཤད།

ང་ཚོའི་ཚོགས་པ་འདི་ནི་བོད་རིགས་དང་རྒྱ་རིགས་གཉིས་ལག་གདེང་གཅིག་ཏུ་སྦྲེལ་བའི་མཛའ་གཤིས་ཀྱི་སེམས་པས་བསླངས་ཏེ། བོད་ཀྱི་ལོ་རྒྱུས་དང་གནས་བབ་ངོ་མ་རྣམས་རྒྱ་ནག་སྲིད་གཞུང་གིས་ལོག་འགྲེལ་དང་རྫུན་བཟོ་བྱས་ནས་རྒྱ་ནག་གཞི་རིམ་མང་ཚོགས་རྣམས་མགོ་སྐོར་འོག་ཚུད་དུ་བཅུག་ཡོད་པ་རྣམས་ལ། རིམ་པས་འབྲེལ་འདྲིས་ཀྱི་ལམ་ཁ་ཞིག་བརྒྱུད་ནས། བོད་ཀྱི་ལོ་རྒྱུས་དང་གནས་བབ་ངོ་མ་དེ་རྒྱ་ནག་མི་དམངས་བྱངས་ནས་རྟོགས་སད་ཐུབ་རྒྱུ་དང་། ཁྱད་པར་དུ་སྤྱི་ནོར་༧གོང་ས་མཆོག་གི་བླ་ན་མ་མཆིས་པའི་གཉིས་ཕན་དབུ་མའི་ལམ་གྱི་དགོངས་གཞི་གང་དེ་ཡང་གོ་རྟོགས་ཡོང་སླད་གཙུག་ཏུ་བཟུང་སྟེ། འབྱུང་འགྱུར་བོད་རྒྱའི་གནས་སྟངས་ཐད་ཕན་ཚུན་རོགས་འདེགས་བྱ་ཐུབ་ཡོང་བར་བཅས་ལ་དམིགས་ནས་བཙུགས་པའི་ཚོགས་པ་ཞིག་ཡིན།
ཚོགས་པ་འདི་ནི་སྤྱི་ལོ་ ༢༠༠༩ ཟླ་བདུན་པའི་ཚེས་དྲུག་སྟེ་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་དངོས་སུ་དབུ་འབྱེད་གནང་ནས་ལོ་གཅིག་གི་རིང་། བོད་རིགས་དང་རྒྱ་རིགས་མི་ཉུང་བ་ཞིག་རེ་གཟའ་ཉི་མ་ཕལ་ཆེ་བར་མཉམ་འཛོམས་ཐོག རྒྱ་མི་རིགས་ཀྱིས་བོད་ཐོག་འཛིན་པའི་བསམ་བློ་གང་བཅིངས་ཡོད་པ་དང་། བོད་མི་རིགས་ཀྱི་མངོན་འདོད་གང་ཡིན་པ། སྤྱི་ནོར༧གོང་ས་མཆོམ་གི་དགོངས་གཞི་གང་ཡིན་པ་བཅས་ཕན་ཚུན་ལ་ངོ་འཕྲོད་པའི་ཆེད་དུ་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་རིམ་པར་གནང་ཡོད་ལ། དེ་ལྟར་གནང་བའི་འབྲས་བུ་ཡང་མི་དམན་པ་ཞིག་བྱུང་ཡོད། ད་ལྟའི་ཆར་རྒྱ་མི་རིགས་གང་མང་ཞིག་བོད་པའི་ངོ་ཤེས་དང་གྲོགས་པོ་ཆགས་ཡོད་ཅིང་། བོད་ཐོག་འཛིན་པའི་བསམ་བློ་ཡང་སྔོན་མ་དང་མི་འདྲ་བར་དངོས་ཡོད་གནས་ཚུལ་རྟོགས་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་རྣམས་ནི་དཔལ་འབྱོར་ཁོ་ནས་ཆེད་དུ་མིན་ལ། རྒྱ་རིགས་མང་གཙོ་དོན་གཉེར་བ་གཙོ་བོའི་རྒྱ་རིགས་ཁག་གཅིག་ཀྱང་དཔལ་འབྱོར་གྱི་ཆེད་དུ་སྐྱབས་བཅོལ་དུ་ཡོང་བ་ཞིག་མིན་པས། ཧྥ་རིན་སིའི་ལྟ་བུའི་མང་གཙོ་ཡང་དག་པའི་ཁོར་ཡུག་ཆེན་པོ་འདི་ནི་བོད་རྒྱ་གཉིས་ཀྱིས་རང་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཁ་ཕྱོགས་ཐད་ལ་རང་དབང་གིས་ལས་དོན་སྤེལ་ཐུབ་པའི་ཁོར་ཡུག་གི་གོ་སྐབས་ཡག་ཤོས་དེ་ཆགས་ཡོད། གོ་སྐབས་འདི་བརྒྱུད་ནས་བོད་རྒྱ་མི་རིགས་གཉིས་མཛའ་མཐུན་གྱི་ལག་གདེང་མ་དོར་བར་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་ཅི་ནས་ཀྱང་འབད་དགོས་སོ།།
བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདི་ནི་ལོ་རྒྱུས་དང་འབྲེལ་བའི་དཀའ་རྙོག་ཅིག་ཡིན་ཞིང་། ལོ་རྒྱུས་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་ནི་ཕན་ཚུན་དབར་བདེན་པ་ར་སྤྲོད་ཀྱིས་དངོས་ཡོད་བཤད་ནས་ཐག་ཆོད་བྱེད་རྒྱུ་ལས། དམག་བཏབ་པ་ལྟ་བུའི་དྲག་པོའི་ལུགས་ཀྱིས་བདེན་པ་འཚོལ་ཐབས་བྲལ། དེས་ན་བོད་རྒྱ་མི་རིགས་གཉིས་སམ་བོད་རྒྱ་རྒྱལ་ཁབ་གཉིས་དབར་གྱི་དཀའ་རྙོག་འདི་སེལ་མཁན་ཡང་བོད་རྒྱ་གཉིས་ཆགས་ཡོད་ལ། སྒོས་སུ་ཕྱོགས་གཉིས་ཀྱི་མི་རིགས་བྱངས་དེ་ཆགས་ཡོད། མི་རིགས་གཉིས་མཛའ་མཐུན་དང་ཕན་ཚུན་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་ན་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་རྒྱུན་བསྲིངས་རྒྱུར་ཧ་ཅང་ཁག་པའི་གནས་སུ་ལྷུང་ཡོད། གལ་ཏེ་མི་རིགས་གཉིས་མཛའ་མཐུན་མ་བྱུང་པ་དང་ཕན་ཚུན་ལ་ཡིད་ཆེས་མེད་པ་ཡིན་ན་བོད་རྒྱའི་དཀའ་རྙོག་སེལ་དཀའ་བ་མ་ཟད། རྒྱ་མི་རིགས་ཚོ་ཡང་ལོ་ངོ་དྲུག་ཅུ་རིང་དམར་པའི་སྲིད་གཞུང་གི་བཙན་གནོན་འོག་ཏུ་སྔར་བཞིན་སྡོད་པ་ལས། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་མིའི་རིགས་ལ་ཆེས་མཁོ་བའི་བདེ་སྐྱིད་དེ་ནམ་ཡང་འཐོབ་པར་མི་འགྱུར་རོ།།
སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་མི་རིགས་ནི་ནམ་ཡང་བོད་ཀྱི་གྲོགས་པོ་ཡིན། བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་གཙོ་བོར་བཟུང་དགོས་པའི་བཀའ་སློབ་རིམ་པར་བསྩལ་་ཡོད་ལ། བོད་རྒྱ་མི་རིགས་གཉིས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོང་སླད་དང་། གཅིག་ཤེས་གཅིག་གྲོགས་སུ་འགྱུར་སླ་བའི་ཆེད་དུ་བོད་རྒྱ་མཛའ་འབྲེལ་ཚོགས་པ་འཛུགས་དགོས་པའི་ཐུགས་རེ་གནང་ཡོད། སྤྱི་ནོར་༧གོང་ས་མཆོག་གི་ལམ་སྟོན་གྱི་ཁ་ཕྱོགས་མ་ནོར་བ་ཞིག་དང་། ཐུགས་ཀྱི་དགོངས་དོན་ལས་ལྡོག་པར་མི་འགྱུར་བ་ཞིག་ལ་ཅིས་ཀྱང་བརྩོན་དགོས་ཕྱིར། བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་གཉིས་དང་རྒྱུན་ལས། ཚོགས་མི་བཅས་ནས་ལྷག་བསམ་རྣམ་དག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འབད་པ་ཅི་ཡོད་གནང་དགོས་པ་མ་ཟད། བོད་རྒྱ་མི་མང་བྱངས་ནས་ཀྱང་གཡས་སྐྱོར་གཡོན་འདེགས་ཀྱི་རོགས་རམ་གནང་དགོས་པར་གནད་ཀྱི་དམ་པར་འཛིན་དགོས།
མཐའ་དོན་བོད་རྒྱ་མི་རིགས་གཉིས་ཕན་ཚུན་ཡིད་ཆེས་དང་མཛའ་བཤེས་རྒྱུན་བསྲིངས་ཀྱིས་གཅིག་ཕན་གཅིག་སྨན་གྱི་གོང་བུ་མ་འགྱུར་བར། རྒྱ་ནག་དམར་ཕྱོགས་རྒྱལ་ཁབ་འདི་ཉིད་མང་གཙོའི་ལམ་ཁར་འདེད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ལ་ཤུགས་སྣོན་ཅི་ལྕོགས་གནང་དགོས་པའི་རེ་འདུན་དང་འབོད་སྐུལ་ཡང་ཡང་ཞུས་པ་དང་བཅས།
སྤྱི་ལོ་ ༢༠༡༠ ཟླ་བདུན་པའི་ཚོས་གསུམ་ཉིན་ཁ་སྒང་བསམ་གཏན་རྒྱ་མཚོས་ གུས་ཕུལ།

Aucun commentaire:

Enregistrer un commentaire